༄༅། །ཚེ་དབང་བསྐུར་ཚུལ་འཆི་མེད་ཚེའི་རིག་འཛིན་གྱི་དངོས་གྲུབ་སྟེར་བའི་གདམས་པ་བཞུགས་སོ་ [001A] །ན་མཿ་ཤྲཱི་མཉྫུ་གྷོ་ཥཱ་ཡ། བློ་བཟང་མཁྱེན་པའི་འོད་སྟོང་རྩེ་དགས་ཤེས་བྱའི་ཁྱོན་ཀུན་ཅིག་ཅར་འགེངས། །གྲགས་པའི་མཁའ་དབྱིངས་མཛེས་མ་ལ་ འཁྱུད་ཐུབ་བསྟན་པདྨོའི་གཉེན་གཅིག་པུ། །དཔལ་ལྡན་མཁས་པའི་ཅོད་པན་དང་ནི་དབྱེར་མེད་ཚེ་དཔག་མེད་མགོན་དེར། །གུས་པས་བཏུད་ཀྱི་ད་ནི་མཐར་བྱེད་བག་ཡོད་ བྱ་བའི་དུས་ལ་བབ། །ཀུན་ཏུ་བཟང་པོའི་ལུགས་བཟང་གང། །གསལ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །ཡེ་ཤེས་འཕྲུལ་གྱིས་བཀོད་པ་ལྷའི། །ཟླ་མེད་དགེ་བའི་བཤེས་ དེར་འདུད། །གང་ལ་བརྟེན་ན་འདོད་དགུའི་རབ་དང་ཕུལ། །ཇི་བཞིན་ལེགས་པར་འབྱུང་བའི་ཐབས་མཁས་མཆོག་མཁས་དང་གྲུབ་པས་གསལ་བའི་ལུགས་ཇི་བཞིན་ [002A]༄༅། །འཁྲུལ་མེད་ཚུལ་བཞིན་གསལ་བ་འདིར་བཤད་བྱ། །དེ་ལ་འདིར་གཞན་ལ་ཚེ་དབང་བསྐུར་བའི་ཚུལ་ནི། ཐོག་མར་རང་ཉིད་ཚེ་དཔག་མེད་དུ་བསྐྱེད་ལ་ཚེ་བུམ་ ཆེ་ཆང་ཚེ་རིལ་རྣམས་ལེགས་པར་བཤམས་རྟེ། ཚེ་བུམ་དབུས། ཚེ་ཆང་གཡས། ཚེ་རིལ་གཡོན་དུ་བཞུག་མཆོད་པས་མཐའ་བསྐོར། མཆོད་གཏོར་རྣམས་བླ་མེད་ལྟར་བྱིན་གྱིས་ བརླབས། །ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་ཧཾ། ཚེ་བུམ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཚེ་བུམ་དེ་ཉིད་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ ཟླ་བའི་གདན་ལ། བླ་མ་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་ པ༑ དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ། དྭངས་གསལ་འོད་ཀྱི་རང་བཞིན་ཅན་སྐུ་ལས་ [002B] དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་དཀར་ཧཱུཾ་སྔོན་པོ། ལྟེ་བར་སཱ་སེར་པོ། གསང་བར་ཧཱ་ལྗང་ཁུ་འོད་ཟེར་ལྔ་ འཕྲོ་བ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པར་བསམས་ལ་ གཟུངས་རིང་ངམ། ཨོཾ་ཨ་མ་ར་ཎི་ཛཱི་ཝནྟཱི་ཡེ་སཱཧཱ། ཞེས་བཟླས་པ་ཅི་མང་བྱས་ནས་བུམ་པ་བསྒྲུབ། ཚེ་ཆང་ནང་མཆོད་ལྟར་སྦྱར་རྟོགས་སྦར་གསུམ་བྱས། ཚེ་རིལ་ཡང་སྨན་སྣ་ཚོགས་ལས་བྱས་པའི་ བདུད་རྩི་རིལ་བུ་ལ་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་བསྟིམ་ནས་འཆི་མེད་ཚེའི་བདུད་རྩི་རིལ་བུར་བསམ་མོ། །དེ་ནས་སློབ་མ་རྣམས་ཁྲུས་བྱེད་དུ་བཅུག་ཕྱག་འཚལ་དུ་བཅུག་ལ། འདིར་ མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ལས་བརྒྱུད་པའི་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་དབུལ་དུ་བཅུག་ནས། ཆོས་འདིའི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་ན་ ཆོས་ཁུངས་བཙུན་པར་བྱ་བའི་ཕྱིར་གདམས་པ་གང་ནས་བཙལ་བ། ཆོས་ལ་ཡིད་ཆེས་པར་བྱ་བའི་ཕྱིར་གདམས་པ་ཉིད་ཀྱི་ཆེ་བ། ཆེ་བ་གཉིས་དང་ལྡན་པའི་སྒོ་ནས་སློབ་མ་ལ་དབང་བསྐུར་ [003A]༄༅། །ཚུལ་དང་བཅས་པའི་རིམ་པ་གསུམ་ཙམ་གསུངས་པའི་ནང་ནས། དང་པོ་ནི་རས་ཆུང་རྡོ་རྗེ་གྲགས་པས་བླ་མ་ཉི་བུ་གསང་སྔགས་སྡོང་པོའི་དྲུང་དུ་ལུས་མེད་མཁའ་འགྲོའི་ཆོས་ རྣམས་རྫོགས་པར་ཞུས་ནས་བོད་དུ་འབྱོན་པར་ཆས་པའི་དུས་སུ། བླ་མའི་གསུང་ནས། དེ་རིང་གྲོང་ཁྱེར་གྱི་ཚོང་འདུས་སུ་ལྟར་སོང་གསུངས་ནས་བྱོན་པས། རྣལ་འབྱོར་པ་སྔོ་བསང་ངེ་བ། ཁྲི་སྙན་ ས་ལེའི་པགས་པ་ཕྲག་པ་གཡས་ལ་བཀལ་བ་རག་དུང་འབུད་པ་ཅིག་འདུག་པ་དེས་སྤྱན་ཆེར་གཟིགས་ནས། ཁྱོད་ལ་རྣམ་བདུན་གྱི་ཚེ་ལས་མི་འདུག་གསུངས་པས། ཤིན་ཏུ་པྲེད་དེ། བླ་མའི་དྲུང་ དུ་བྱོན་ནས་ལོ་རྒྱུས་ཞུས་པས། ཁྱོད་ལ་ཚེ་དེ་ལས་མི་འདུག་པ་ངས་ཤེས་ཏེ་མ་སྨས་པ་ཡིན། ད་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་ཚེ་དཔག་མེད་དངོས་སུ་གྲུབ་པ་ཅིག་ཡོད་པས་དེའི་དྲུང་དུ་སོང་ ལ༑ གདམས་ངག་ཞུས་ཤིག་གསུངས་ནས། གསེར་སྲང་བཞི་ཡོད་པ་དེ་ཁྱེར་ཏེ་མ་གཅིག་གྲུབ་པའི་རྒྱལ་མོའི་དྲུང་དུ་བྱོན་ནས་གསེང་སྲང་གསུམ་ལ་ཆོས་ཞུ་བའི་ཡོན་བྱས། གསེར་སྲང་གང་ལ་ཆོས་ཞུ་ བའི་ཆས་ཀ་བྱས་ཏེ། དབང་ཞུས་ཟླ་བ་བདུན་དུ་བསྒོམས་པས་ལོ་བཞི་བཅུ་ཞེ་བཞི་བསྲིངས་པ་ཡིན་གསུང། དེ་ཡང་སྔར་བཞི་བཅུ་བཞེས་པ་ལ། ཞེ་བ་ཞི་བསྲིངས་པས་བརྒྱད་ཅུ་གྱ་བཞི་བཞུགས་པར་ [003B] དེ་ནས་ཏི་བུ་བའི་དྲུང་དུ་ལོག་བྱོན་པ་དང། བླ་མའི་གསུང་ནས་གདམས་ངག་ངས་ཀྱང་ཤེས་ཏེ། མ་གཅིག་གྲུབ་པའི་རྒྱལ་མོ་ཡིད་ཆེས་པའི་གནས་ཡིན་པས་བཏང་བ་ཡིན་གསུངས་ནས་བླ་མས་ཀྱང་ཚར་ གཅིག་རྫོགས་པར་གནང་ངོ། །དེ་ནས་བོད་དུ་བྱོན་རྗེ་མིད་ལ་དང་མཇལ་བའི་དུས་སུ་མིད་ལའི་གསུང་ནས་སྔར་བོད་དུ་མ་གྲགས་པའི་ཟ་བ་ཆོས་ཁྱད་པར་ཅན་ཞིག་ང་ལ་སྐྱེས་སུ་ཕུལ་ཅིག་གསུངས་པས། ཆོས་འདི་བླ་མའི་བཀའ་ མ་ཆོགས་པར་བླ་མ་ལ་སྐྱེས་སུ་ཕུལ་བ་ཡིན་པས། གདམས་པ་འདི་རས་ཆུང་པ་བླ་མར་བྱས་ཏེ་མིད་ལ་ནས་བརྒྱུད་དེ་རྩ་བའི་བླ་མའི་བར་དུ་ལེགས་པར་བརྒྱུད་པའི་ཚེ་དབང་མཆོག་ཏུ་ཟབ་པ་ཡིན་པས་འདི་ཞུ་བ་ལ་ མཉན་སོགས་འདོད་པས་གསོལ་གསུམ་གདབ་ཅེས་མ་གསོལ་བར་མི་བྱ་བར་གསུངས་པས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་ དུ་ཚེ་དབང་ཟབ་མོ་ཞུ་སྙམ་པའི་མོས་པ་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་ བཀའ་དྲིན་སྩོལ། ཞེས་གསོལ་བ་ལན་གསུམ་འདེབས་སུ་བཅུག་ལམ་ཐུན་མོང་བས་རྒྱུན་འཆོས་ཚུལ་ནི། ཁྱེད་རང་རྣམས་ཐུགས་བསམ་འདི་བཞིན་མཛོད། དེ་ཡང་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ [004A]༄༅། །སྤྱི་དང། ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་སྣ་ཚོགས་ཤིག་མྱོང་འདུག་ཏུ་ཟིན་ཀྱང། ད་དུང་སྡུག་བསྔལ་གྱི་གཏིང་མཐའ་མངོན་པར་དཀའ་བར་འདུག་དེས་ན་རང་རེས་རྙེད་པར་དཀའ་ཞིང་རྙེད་ ན་དོན་ཆེ་བའི་དལ་འབྱོར་ཚང་བའི་མི་ལུས་ཁྱད་པར་ཅན་ལན་ཅིག་ཐོབ་པའི་དུས་འདིར་འཁོར་བའི་སྡུག་བསྔལ་མཐའ་དག་སྤངས་པའི་ཐར་པ་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ ནས་ཀྱང་ཐོབ་པར་བྱ་སྙམ་པའི་ཐུགས་བསམ་དུངས་དུངས་པའི་བསྐྱེད་པར་མཛོད། གནས་ཁང་འདི་ཉིད་ཀྱང་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཐར་པ་ཆེན་པོའི་ གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྡོ་རྗེ་ར་བ་མེ་རི་དང་བཅས་པས་བསྐོར་བར་གསལ་ལམ་གྱིས་འདེབས་པར་མཛད་པའི་དབུས་སུ་ཚེ་བུམ་འདི་ཉིད་ཀྱང་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་ གདན་ལ་བླ་མ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞེས་པ་ནས་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེ་ཉིད་ཀྱི་སྟེང་གི་ནམ་མཁའི་གནས་སུ་ཆོས་སྐུ་སྣང་བ་མཐའ་ཡས་ མ་གཅིག་གྲུབ་པའི་རྒྱལ་མོ། ཏི་བུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། དབང་ཕྱུག་མིད་ལ་རས་ཆེན། ཆོས་རྒྱལ་དགས་པོ་ལྷ་རྗེ། དཔལ་ཕག་མོ་གྲུབ། འབྲི་ཁུང་འཇིག་རྟེན་མགོན་པོ། སྤྱན་སྔ་རིན་པོ་ཆེ་ [004B] སྤྱན་སྔ་རིན་ཆེན་ལྡན། ཀུན་མཁྱེན་ཟུར་ཕུག་པ། འབའ་ར་བ་རྒྱལ་མཚན་དཔལ་བཟང། ཀུན་མཁྱེན་ཆེན་པོ་ཤེས་རབ་དཔལ་བཟང། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང། འབྲུལ་ ཞིག་རིན་ཆེན་བཤེས་གཉེན། རབ་འབྱམས་པ་སངས་རྒྱས་རྒྱ་མཚོ། རྗེ་བཙུན་སྐྱབས་མཆོག་དཔལ་བཟང། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་སོགས་པ་དངོས་དང་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་ འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས། དཔའ་བོ་དཔའ་མོ། ཆོས་སྐྱོང་སྲུང་མའི་ལྷ་ཚོགས་རྣམས་ཀྱིས་བསྐོར་ནས་གཞལ་ཡས་ཁང་གི་ཁྱོན་ཐམས་ཅད་མེར་གྱིས་གང་བའི་ཚུལ་དུ་བཞུགས་ཡོད་དོ་སྙམ་པའི་མོས་ པ་དང། བླ་མའང་ཚེ་དཔག་མེད་དངོས་ཡིན་སྙམ་དུ་བསྒོམ་པར་མཛད་པའི་ངང་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་དུ་མཛོད་ལ། དཀོན་མཆོག་གསུམ་ ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། ཞེས་ལན་གསུམ་རྗེས་ཟློས་བྱ། དེ་ནས་སློབ་མ་ཚེ་དཔག་མེད་དུ་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་ཉཧཾ། སློབ་མ་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཟླའི་གདན་ལ་སློབ་མ་རྣམས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞེས་པ་ནས། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ [005A]༄༅། །ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་སཱ་སེར་པོ། གསང་གནས་སུ་ཧཱ་ལྗང་གུ་འོད་ཟེར་ལྔ་འཕྲོ་བར་གྱུར། དེ་ནས་དབང་དངོས་བསྐུར་བ་ལ་བཞི་ལས། དང་པོ་བུམ་པ་ལ་ བརྟེན་ནས་དབང་བསྐུར་བ་ལ་གསུམ། ཚེ་ཡར་བ་འགུགས་པ། ཉམས་པ་གསོ་བ། ཚེ་བསྟིམ་པའོ། །དང་པོ་ནི། མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དེ་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ པས། ཁྱེད་རང་རྣམས་ཀྱི་ཚེ་འཆི་བདག་གཤིན་རྗེ་དང་རྒྱལ་གདོན་ལ་སོགས་པ་འབྱུང་པོ་མི་མ་ཡིན་པ་རྣམས་ཀྱིས་ཕྲོགས་པ་དང། བརྐུས་པ་དང། ཡར་བ་ཐམས་ཅད་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བཀུག་ ནས༑ མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དང་ཕྱག་གི་བུམ་པ་ལ་ཐིམས་པས། དེ་ལས་བདུད་རྩིའི་རྒྱུན་བབས་སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ཚེ་ཕྲོགས་པ་བརྐུས་ པ་ཡར་བ་རྣམས་སོར་ཆུད་པའི་སྒོ་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་སྙམ་པའི་མོས་པ་མཛོད་ཅིག་ཅེས་བརྗོད་ལ་དྲིལ་བུ་གསིལ་ཞིང། ཨོཾ་ཨ་མ་ར་ཎི་ཇཱི་ཝནྟཱི་ཡེ་སཱ་ཧཱ། སྐལ་ལྡན་རིགས་ཀྱི་བུ་འདི་ལ་ཚེའི་དབང་དུ་གྱུར་ ཅིག་ཚེའི་དངོས་གྲུབ་ཏུ་གྱུར་ཅིག་ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག་ཚེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག་འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་ཅེས་ [005B] གཉིས་པ་ནི། སླར་ཡང་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དེ་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རྒྱན་ནམ་མཁའ། བུ་ག་ནམ་མཁའ་ལ་སོགས་ པ་ནམ་མཁའི་བཅུད་ཐམས་ཅད་བདུད་རྩི་མཐིང་ཞུན་མའི་མདོག་ཅན་འོད་ཟེར་དང་བཅས་པའི་རྣམ་པར་བཀུག་ནས་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དང་ཕྱག་གི་བུམ་པ་ལ་ཐིམ་པས་དེ་ལས་བདུད་ རྩིའི་རྒྱུན་བབས། སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང། ཁྱད་པར་དུ་ཡང་ཡིད་ཀྱི་རྣམ་ཤེས་སོགས་ནམ་མཁའི་ཁམས་ཀྱི་སྒོ་ནས་ཆ་ཉམས་པ་ཐམས་ཅད་སོར་ཆུད། ལུས་ཀྱི་ཟུངས་དང་ སྲོག་གི་རྟེན་དུ་གྱུར་པའི་སྒོ་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག་ཨོཾ་ཨ་མ་ར་ཎ་ཛཱི་ཝ་ནྟཱི་ཡེ་སཱ་ཧཱ། སྐལ་ལྡན་རིགས་ཀྱི་བུ་འདི་ལ་ཚེའི་དབང་དུ་གྱུར་ཅིག་ཅེས་པ་ནས། འཆི་བ་མེད་པ་ ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་སླར་ཡང་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་རླུང་གི་བཅུད་ཐམས་ཅད་བདུད་རྩི་ལྗང་གུ་ འོད་ཟེར་འཕྲོ་བའི་རྣམ་པར་བཀུག་མདུན་གྱི་གནས་ན་ཞུགས་པའི་ཚེ་དཔག་མེད་དང་ཕྱག་གི་བུམ་པ་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་བབས། སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་ [006A]༄༅། །ཁྱད་པར་དུ་རྩ་བ་དང་ཡན་ལག་གི་རླུང་བཅུའི་སྒོ་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད། སྟོབས་དང་ཡང་རྩལ་ཕུན་སུམ་ཚོགས་པའི་སྒོ་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་ པ་མཛོད་ཅིག་ཨོཾ་ཨ་མ་ར་ཎི་ཛི་ཝ་ནྟཱི་ཡེ་སཱ་ཧཱ། སྐལ་ལྡན་རིགས་ཀྱི་བུ་འདི་ལ་ཚེའི་དབང་དུ་གྱུར་ཅིག་ཅེས་པ་ནས། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་སླར་ཡང་མདུན་གྱི་གནས་ན་བཞུགས་པའི་ ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ནགས་ཚལ་ལས་བྱུང་བའི་མེ་དང། མེ་ཤེལ་ལས་བྱུང་བའི་མེ་དང། སྦྱོར་བསྒྲུབས་ལས་བྱུང་བའི་མེ་དང། རྡོ་སོལ་ལས་བྱུང་བའི་མེ་ དང༑ རྒྱུན་བཞག་ལས་བྱུང་བའི་མེ་དང། རྟ་གདོང་གི་མེ་དང། ཏིང་ངེ་འཛིན་གྱི་མེ་ལ་སོགས་པའི་འབྱུང་བ་མེ་དང་མེ་ལ་བརྟེན་པའི་རོ་བཅུད་ཐམས་ཅད་བདུད་རྩི་དམར་པོ་འོད་ཟེར་འཕྲོ་བའི་རྣམ་པར་བཀུག་མདུན་གྱི་གནས་ ན་བཞུགས་པའི་ཚེ་དཔག་མེད་དང་ཕྱག་གི་བུམ་པ་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་བབས། སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང། ཁྱད་པར་དུ་ལུས་ཀྱི་དྲོད་ལ་སོགས་པ་མེའི་ཁམས་ ཀྱི་སྒོ་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད། ལུས་མེ་ཤེལ་དང་ཉི་མའི་སྙིང་པོ་ལྟར་བཀྲག་མདངས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག་ཨོཾ་ཨ་མ་ [006B] སྐལ་ལྡན་རིགས་ཀྱི་བུ་འདི་ལ་ཚེའི་དབང་དུ་གྱུར་ཅིག་ཅེས་པ་ནས། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་སླར་ཡང་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་ལས་ འོད་ཟེར་ཕྱོགས་བཅུར་འཕྲོས་པས། མཚོ་དང། མཚེ་འུ་དང། ལྟེང་ཀ་དང། འབབ་ཆུའི་རྒྱུན་དང། རོལ་པའི་མཚོ་བདུན་དང། རྒྱ་མཚོ་ཆེན་པོ་དང། མ་དྲོས་པ་ལ་སོགས་པ་འབྱུང་བ་ཆུ་དང་ཆུ་ལ་བརྟེན་པའི་རོ་བཅུད་ཐམས་ཅད་ བདུད་རྩི་འོ་མའི་མདོག་ཅན་འོད་ཟེར་འཕྲོ་བའི་རྣམ་པར་བཀུག་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དང་ཕྱག་གི་བུམ་པ་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་བབས། སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ ཅད་གང་ཁྱད་པར་དུ་ལུས་ཀྱི་ཁྲག་དང་ཆུ་སེར་ལ་སོགས་པ་ཆུའི་ཁམས་ཀྱི་སྒོ་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད། ལུས་ཤེལ་ལྟར་ཁ་དོག་སྣུམ་བག་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་ བྱུང་སྙམ་པའི་མོས་པ་མཛོད་ཅིག་ཨོཾ་ཨ་མ་ར་ཎི་ཛཱི་ཝ་ནྟཱི་ཡེ་སཱ་ཧཱ། སྐལ་ལྡན་རིགས་ཀྱི་བུ་འདི་དག་ལ་ཚེའི་དབང་དུ་གྱུར་ཅིག་ཅེས་པ་ནས། འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་སླར་ཡང་མདུན་གྱི་གནས་ན་བཞུགས་པའི་ཚེ་ དཔག་མེད་དེ་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རིའི་རྒྱལ་པོ་རི་རབ་དང་གསེར་གྱི་རི་བདུན་ལ་སོགས་པ་རིན་པོ་ཆེའི་རི་དང། མ་ལ་ཡ་ལ་སོགས་པ་ནགས་ཀྱི་རི་དང། སྤོས་དང་ལྡང་བ་ལ་སོགས་པ་སྤང་རི་དང་ [007A]༄༅། །གསེར་གྱི་བྱ་སྐྱིབས་ཅན་ལ་སོགས་པ་གསེར་གྱི་བྲག་རི་དང། གངས་ཅན་ལ་སོགས་པའི་གངས་རི་དང། གཞན་ཡང་སྨན་དང་རྩི་བཅུད་དང་ནགས་ཚལ་ལ་སོགས་པའི་འབྱུང་བ་ས་དང་ས་ལ་བརྟེན་པའི་ བཅུད་ཐམས་ཅད་བདུད་རྩི་གསེར་ཞུན་མའི་མདོག་ཅན་གྱི་རྣམ་པར་བཀུག་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དང་ཕྱག་གི་བུམ་པ་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་བབས། སློབ་མ་རྣམས་ཀྱི་སྤྱི་བོ་ནས་ ཞུགས། ལུས་ཀྱི་ནང་ཐམས་ཅད་གང། ཁྱད་པར་དུ་ལུས་ཀྱི་ཤ་དང་རུས་པ་ལ་སོགས་པ་སའི་ཁམས་ལ་བརྟེན་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད། ལུས་རིའི་རྒྱལ་པོ་རི་རབ་ལྟར་བརྟན་ཞིང་སྟོབས་དང་ལྡན་པའི་སྒོ་ནས་ ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག་ཨོཾ་ཨ་མ་ར་ཎི་ཛཱི་ཝནྟཱི་ཡེ་སཱ་ཧཱ། སྐལ་ལྡན་རིགས་ཀྱི་བུ་འདི་ལ་ཚེའི་དབང་དུ་གྱུར་ཅིག་ཅེས་པ་ནས། འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་སླར་ཡང་མདུན་ གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དེ་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཚངས་པ་དང། བརྒྱ་བྱིན་དང། དགའ་བོ་དང། འཇོག་པོ་དང། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་ཚེ་རིང་ པོ་རྣམས་དང། གཞན་ཡང་བླ་མ་དགེ་བའི་བཤེས་གཉེས་རྣམས་དང། བྱང་ཆུབ་ཀྱི་སེམས་ཉིད་འབྱོངས་ཤིང་སྟོང་ཉིད་རྟོགས་པ་ལ་སོགས་པ་དང། མདོར་ན་རིགས་དྲུག་དང་རིགས་དྲུག་གི་རིགས་ཅན་གྱི་སེམས་ཅན་ [007B]མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དང་ཕྱག་གི་བུམ་པ་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་བབས། སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས་ ལུས་ཀྱི་ནང་ཐམས་ཅད་གང། ཁྱད་པར་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དང་སྐུ་ལ་མ་མཉམ་པའི་སྒོ་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག་ཨོཾ་ཨ་མ་ར་ཎི་ཛཱི་ཝནྟཱི་ཡེ་སཱ་ཧཱ། སྐལ་ལྡན་ རིགས་ཀྱི་བུ་འདི་ལ་ཚེའི་དབང་དུ་གྱུར་ཅིག་ཅེས་པ་ནས། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་སླར་ཡང་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་ འཕྲོས་པས། བཅོམ་ལྡན་འདས་ཚེ་དཔག་མེད་ལ་སོགས་པ་ཚེ་དབང་བརྒྱུད་པའི་བླ་མ་རྣམས་དང། གཞན་ཡང་བླ་མ་སངས་རྒྱས་བྱང་སེམས་ལྷ་དང་མིའི་གྲུབ་པ་ཐོབ་པ་རྣམས་དང་རིག་པ་འཛིན་པ་རྣམས་ཀྱི་སྐུ་གསུང་ ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བྱིན་རླབས་ཐམས་ཅད། སྐུ་གཟུགས་དང། པོ་ཏི་དང། རྡོ་རྗེ་དྲིལ་བུ་དང། པདྨ་དམར་པོ་དང། ཚེའི་བུམ་པ་ལ་སོགས་པ་ཕྱག་མཚན་སྣ་ཚོགས་པའི་རྣམ་པར་བཀུག་མདུན་ གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དང་ཕྱག་གི་བུམ་པ་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་བབས། སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང། ཐོག་མ་མེད་པ་ནས་བསགས་པའི་སྡིག་ [008A]༄༅། །སྒྲིབ་ཐམས་ཅད་དག་ཁྱད་པར་དུ་བླ་མ་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ཞུགས་པའི་སྒོ་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག་ཨོཾ་ཨ་མ་ར་ཎི་ཛཱི་ཝ་ནྟཱི་ཡེ་སཱ་ཧཱ། སྐལ་ལྡན་ རིགས་ཀྱི་བུ་འདི་དག་ལ་ཚེའི་དབང་དུ་གྱུར་ཅིག་ཅེས་པ་ནས། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་དེ་དག་ནི་འབྱུང་བ་དང་འབྱུང་འགྱུར་གྱི་བཅུད་བསྡུས་པའི་སྒོ་ནས་ཚེ་སྲིང་བར་བྱེད་པ་ཡིན། སྐུ་གསུང་ཐུགས་ ཀྱི་རྗེས་གནང་གི་སྒོ་ནས་ཚེ་སྲིང་བར་བྱེད་པ་ལ་སླར་ཡང་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དེ་ཉིད་ཀྱི་སྤྱི་བོའི་ཨོཾ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ ཐམས་ཅད་མེར་གྱིས་གང་བས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་ཚེ་དཔག་མེད་ཀྱི་སྤྱིའི་རྗེས་གནང་ཐོབ་པའི་སྒོ་ནས་འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག་ཨོཾ་ཨ་མ་ར་ཎི་ ཛཱི་ཝནྟཱི་ཡེ་སཱ་ཧཱ། སྐལ་ལྡན་རིགས་ཀྱི་བུ་འདི་དག་ལ་ཚེའི་དབང་དུ་གྱུར་ཅིག་ཅེས་པ་ནས། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་སླར་ཡང་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དེ་ཉིད་ཀྱི་མགྲིན་པའི་ ཨཱ་ལས་བདུད་རྩི་དམར་པོའི་རྒྱུན་བབས། སློབ་མ་རྣམས་ཀྱི་མགྲིན་པར་ཐིམ། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་གང། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་ཚེ་དཔག་མེད་ཀྱི་གསུང་གི་རྗེས་གནང་ [008B]ཨོཾ་ཨ་མ་ར་ཎ་ཛཱི་ཝནྟཱི་ཡེ་སཱ་ཧཱ། སྐལ་ལྡན་རིགས་ཀྱི་བུ་འདི་དག་ལ་ཚེའི་དབང་དུ་གྱུར་ཅིག་ཅེས་པ་ནས། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་ པར་གྱུར་ཅིག་སླར་ཡང་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དེ་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་བདུད་རྩིའི་རྒྱུན་བབས། སློབ་མ་རྣམས་ཀྱི་སྙིང་ཁར་ཐིམ། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་གང། ཡིད་ཀྱི་སྒོ་ནས་བསགས་ པའི་སྡིག་སྒྲིབ་ཐམས་ཅད་དག་ཚེ་དཔག་མེད་ཀྱི་ཐུགས་ཀྱི་རྗེས་གནང་ཐོབ་པའི་སྒོ་ནས་འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག་ཨོཾ་ཨ་མ་ར་ཎི་ཛཱི་ཝ་ནྟཱི་ཡེ་སཱ་ཧཱ། སྐལ་ལྡན་རིགས་ཀྱི་ བུ་འདི་དག་ལ་ཚེའི་དབང་དུ་གྱུར་ཅིག་ཅེས་པ་ནས། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག་དེ་དག་ནི་རྒྱས་པ་བྱེད་པའི་ལུགས་སོ། །བསྡུས་པ་བྱེད་ན། སླར་ཡང་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དེ་ཉིད་ཀྱི་ཐུགས་ ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ་དང། དཀོན་མཆོག་གསུམ་གྱི་ལྷ་ཚོགས་རིགས་དྲུག་འབྱོར་པ་དང་བཅས་པ་དང། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་ བྱིན་རླབས་ཐམས་ཅད་བདུད་རྩི་སྣ་ལ་འོད་ཟེར་དང་བཅས་པའི་རྣམ་པར་བཀུག་མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དང་ཕྱག་གི་བུམ་པ་ལ་ཐིམ་པས། དེ་ལས་བདུད་རྩིའི་རྒྱུན་བབས་སློབ་མ་རྣམས་ཀྱི་སྤྱི་བོ་ནས་ [009A]༄༅། །ཞུགས། ལུས་ཀྱི་ནང་ཐམས་ཅད་གང། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་པའི་སྒོ་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག་ཨོཾ་ཨ་ཞེས་སོགས་བྱ་ གསུམ་པ་ནི། མདུན་གྱི་གནས་ན་བཞུགས་པའི་ཚེ་དཔག་མེད་དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་བྱུང་སྙམ་པའི་མོས་པ་མཛོད། དེའི་ངང་ནས་སྤྱི་བོའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས་ནས་སྤྱི་བོའི་ཚེ་དཔག་མེད་ལ་ཐིམ་པས། དེ་ཉིད་ཀྱི་གནས་ལྔའམ། ཡེ་ཤེས་ལྔ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམ་པའི་གནས་ལྔར་ཐིམ་ པས་ལུས་ངག་ཡིད་གསུམ་བྱེད་པ་དང་བཅས་པའི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་ངོ་བོར་བྱིན་ གྱིས་བརླབས་བྱུང་སྙམ་པའི་མོས་པ་མཛོད་ཅིག་ཅེས་བརྡ་སྤྲད་ལ། ཚེ་བུམ་མགོ་ཐོག་ཏུ་བཞག་སྟེ། ཕྱོགས་བཅུ་དུས་གསུམ་གྱི་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་བྱིན་གྱིས་རློབས་ཤིག་མ་གཅིག་གྲུབ་པའི་རྒྱལ་མོས་བྱིན་གྱིས་རློབས་ཤིག་ཅེས་པ་ནས། རྗེ་བཙུན་བླ་མ་སངས་རྒྱས་ཡེ་ཤེས་ཀྱིས་བྱིན་གྱིས་རློབས་ཤིག་ཁྱད་པར་བཅོམ་ལྡན་འདས་ [009B]ཅེས་གསོལ་བ་བཏབ་པས་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་མཐའ་སྐོར་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ ལ་འཕོག་དེ་རྣམས་ཚེ་དཔག་མེད་ལ་ཐིམ། ཚེ་དཔག་མེད་ཀྱང་སློབ་མ་ཚེ་དཔག་མེད་དུ་གསལ་བ་ལ་ཐིམ། ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད། དེ་ནས་ཚེ་ཆང་ཚེ་རིལ་བྱིན། གཏང་རག་ཏུ་མཎྜལ་འབུལ་དུ་བཅུག་ནས། རྩ་བརྒྱུད་བླ་མ་རྣམས་ ཀྱི་བཀྲ་ཤིས་ཤོག་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག་དཀོན་མཆོག་རིན་ཆེན་རྣམས་ཀྱི་བཀྲ་ཤིས་ཤོག་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག་འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་ མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་པའི་བཀྲ་ཤིས་ཤོག་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག་ཨོཾ་ སུ་པྲ་ཏིཥྛ་བཛྲ་ཡེ་སཱ་ཧཱ། འཇིག་རྟེན་མགོན་པོ་སྣང་བ་མཐའ་ཡས་ལས། །ལེགས་པར་བརྒྱུད་པའི་རྨད་བྱུང་གདམས་པའི་ཚོགས། །འདི་ན་སྐྱེ་དགུ་ཀུན་གྱི་གཅེས་པའི་གནས། །མཆོག་སྦྱིན་བྱེད་གང་འདི་ལས་གཞན་ན་གང། །དེ་ཕྱིར་ འབད་པས་བསྐྲུན་པའི་རྣམ་དཀར་གང། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་ཡིད། །གང་ལ་རག་ལས་གྱུར་པའི་དགེ་བའི་བཤེས། །དམ་པ་རྣམས་ཀྱི་ཞབས་བད་བརྟན་ཕྱིར་བསྔོ། །ཞེས་པ་འདི་ཡང་བཀའ་རབ་ [010A]༄༅། །འབྱམས་སྨྲ་བ་ཆོས་རྗེ་མཐའ་ཡས་ཀྱི་མཚན་ཅན་གང་དེའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བློ་བཟང་མདུན་ས་ཆོས་ཀྱི་ཕོ་བྲང་གི་གཙུག་ལག་ཁང་དུ་ སྦྱར་བའོ།། སརྦ་མངྒ་ལཾ།། ༈ ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་ གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ།། སརྦ་ཛ་ག་ཏཾ།། །